༉ ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་གིས་ ལོ་གཉིས་ཀྱི་རྒྱབ་ལས་ ད་རུང་ དགའ་སྐྱིད་ར་ཡེཌ་Gakyid Ride ཟེར་མི་མཉེན་ཆས་དེ་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ལོག་འགོ་འབྱེད་འབད་ཡོདཔ་ད་ དེ་ཡང་ ཁྲོམ་སྡེ་ནང་ འགྲོ་འགྲུལ་ཚུ་ དུས་མཐུན་ཐོག་ལུ་ ལེགས་ལྡན་སྦེ་ འབད་ཚུགས་ཐབས་ལུ་ཨིན་པས།
མཉེན་ཆས་དེ་གིས་ འགྲུལ་པ་ཚུ་ འགྲུལ་སྐྱེལ་བཱསི་ཚུ་ ས་གནས་ག་ཏེ་ལུ་ཡོདཔ་ཨིན་ན་ ཁོང་རའི་འགྲུལ་འཕྲིན་ནང་ལས་ འཐོབ་ཚུགས་ནི་དང་ དེ་གིས་ དམིགས་བསལ་གྱི་ བཱསི་བསྒུགས་སའི་ས་ཁོངས་ནང་ ཡུན་རིངམོ་སྦེ་ བསྒུགས་སྡོད་མི་དགོ་ནི་ཨིན་པས།
ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་ནང་ ཉིན་བསྟར་བཞིན་དུ་ འགྲུལ་པ་༢༡,༡༦༥ དེ་ཅིག་ འགྲོ་འགྲུལ་འབད་དོ་ཡོདཔ་ད་ དེ་གི་གྲས་ཁར་ ཐོ་བཀོད་ཅན་གྱི་ ཤོག་བྱང་ལག་ལེན་འཐབ་མི་༣༧,༡༣༠ ཡོདཔ་བཞིན་དུ་ འགྲུལ་འཁོར་ནང་ སློབ་ཕྲུག་༡༥,༣༨༤ དང་ གཏན་རྐྱང་རྒྱུན་འགྲུལ་འཐབ་མི་༢༠,༦༡༧ མི་རྒས་ཤོས་༩༧༨ དེ་ལས་ དབང་པོ་ལུ་ཐོ་ཕོག་མི་༡༥༠ ཡོདཔ་ཨིན་པས།
ཤོག་བྱང་ལག་ལེན་འཐབ་མི་ མ་བརྩིས་བར་ དངུལ་སྤྲོད་ཐོག་ལས་ འགྲོ་འགྲུལ་འབད་མི་འཐེབ་༢༡,༠༥༩ ཡོདཔ་ཨིན་པས།
ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་གི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ ཆོས་གྲགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ མཉེན་ཆས་ཨེཔ་དེ་ གུ་གཱུལ་པེ་ལེ་ཨིས་ཊོར་ Google play store ནང་ལས་ ཕབ་ལེན་འབད་ཚུགས་ནི་དང་ ཨེ་པཱལ་ཨེབ་ཨིས་ཊོར་ apple apps store དོན་ལུ་ ལཱ་ཚུ་འབད་ཚར་ཡོད་རུང་ མཉེན་ཆས་དེ་ ཨེ་པཱལ་གྱི་དོན་ལུ་ བསྐྱར་ཞིབ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཕི་ལིཊ་འཛིན་སྐྱོང་རིམ་ལུགས་FMS དང་བསྟུན་ མཉེན་ཆས་དེ་གིས་ ས་ཁྲའི་ཐོག་ལས་ འགྲུལ་སྐྱེལ་བཱསི་ཚུ་ དངོས་མཐོང་སྦེ་ བལྟ་ཚུགས་ནི་དང་ དེ་ཁར་ འགྲུལ་སྐྱེལ་བཱསི་གི་ ལས་འཆར་རེའུ་མིག་ཚུ་དང་སྦྲགས་ རེས་གཟའ་ཟླ་བའི་དུ ས་ཚོད་རེའུ་མིག་ཚུ་ཡོད་པའི་ཁར་ རྒྱུན་འགྲུལ་འཐབ་ས་ བཱསི་ལྷོད་ནིའི་དུས་ཚོད་གཏན་འཁེལ་ འགྲུལ་འཁོར་གྱི་ཨང་གྲངས་ དེ་ལས་ འགྲུལ་འཁོར་དེ་ རྒྱུན་འགྲུལ་ཐོག་ལུ་ཡོད་མེད་དང་ དུས་ཚོད་ངེས་གཏན་ཚུ་ དེ་ཁ་ལས་ བདའ་ཟུན་ཚུགས་ནི་ཨིན་པས།
འགྲོ་འགྲུལ་འབད་མི་ཚུ་གིས་ འགྲུལ་འཁོར་བཱསི་དེ་ ཁྲོམ་ལམ་བདའ་སྟེ་ འགྱོ་ནི་ཨིན་ན་ ཡང་ཅིན་ ལམ་ཕྱོགས་གཞན་ཁ་ལས་ འགྱོ་ནི་ཨིན་ན་ ཨེབ་རྟགས་གི་ མཉེན་ཆས་ཨེབ་དེ་ནང་བལྟཝ་ད་ ཤེས་ཚུགས་ནི་ཨིན་པས།
མང་ཤོས་ཅིག་གིས་ མཉེན་ཆས་ཨེཔ་དེ་ འགྲུལ་འཁོར་བཱསི་ལྷོད་ནི་མེད་པའི་ དུས་ཚོད་ཀྱི་གདོང་ལེན་དེ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
རྡོ་རྗེ་གིས་འབད་བ་ཅིན་ མཉེན་ཆས་འདི་ལུ་བརྟེན་ དུས་ཚོད་ཁར་ འགྲོ་འགྲུལ་འབད་ཚུགས་ནི་དང་ དམིགས་བསལ་གྱི་ གནམ་དགུན་གྱི་སྐབས་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ འགྲུལ་འཁོར་བཱསི་ དུས་ཚོད་ནམ་འོང་ནི་ཨིན་ན་ གཏན་འཁེལ་སྦེ་ ཧ་གོ་མ་ཚུགས་པའི་བསྒང་ལས་ ང་བཅས་མང་ཤོས་ར་ གླ་འཁོར་ནང་འགྱོ་དགོཔ་ ཐོནམ་མས་ཟེར་ཨིན་པས།
འགྲུལ་སྐྱོད་འབད་མི་ གཞན་མི་ཅིག་གིས་ བཤད་མིའི་ནང་ འགྲུལ་འཁོར་ལག་ལེན་གྱི་ མཉེན་ཆས་ཐོག་ལས་ བཱསི་བཞག་ཐང་ནང་ དུས་ཡུན་སྐར་མ་༥ དང་༡༠ གྱི་ཧེ་མར་ འགྱོ་སྡོད་པ་ཅིན་བཏུབ་ནི་ཨིནམ་ལས་ དེ་གིས་ འགྲོ་འགྲུལ་འབད་ནི་ལུ་ ཁེ་ཕན་སྦོམ་ར་འདུག་ཟེར་ཨིན་པས།
ད་རུང་ འདི་བཟུམ་གྱི་ ཁེ་ཕན་ལུ་བརྟེན་ སྟབས་མ་བདེཝ་དུམ་གྲ་རེ་འབྱུང་འོང་ཟེར་ ཆོས་གྲགས་རྒྱལ་མཚན་གྱིས་ བཤད་མི་དེ་ཡང་ འཕྲལ་འཕྲལ་སྐབས་ ཡོངས་འབྲེལ་གྱི་རྒྱུན་ལམ་ ལེགས་ཤོམ་མེད་པའི་སྐབས་སུ་ བར་ཆད་རེ་འབྱུང་ནི་ཨིནམ་ལས་ འགྲོ་འགྲུལ་འབད་མི་ཚུ་གིས་ དུས་རྒྱུན་གྱི་ དུས་ཚོད་ལུ་ཡང་ བལྟ་དགོ་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༢ པའི་ཚེས་༦ ལུ་ ཞབས་ཏོག་དེ་ འགོ་འབྱེད་འབད་དེ་ ཁྲོམ་སྡེའི་བཱསི་གཉིས་ཀྱི་ ལྟ་རྟོག་པ་གིས་ སྐོར་རྒྱབ་ཐོག་ དྲོ་པའི་ཆུ་ཚོད་༧ ལས་འགོ་བཙུགས་ ནུབ་མོ་ཆུ་ཚོད་༡༢.༣༠ ཚུན་ བཀོད་རྒྱ་ཚུ་བྱིན་དོ་ཡོདཔ་སྦེ་ཨིནམ་ད་ ལྟ་རྟོག་པ་གིས་ འགྲུལ་འཁོར་བཱསི་ཚུ་ ལས་འཆར་དང་འཁྲིལ་ ལྟ་རྟོག་འབད་དེ་ རྒྱུན་ལམ་དང་ ལཱ་ཚུ་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ དུས་ཚོད་ཁར་ འགྲོ་འགྲུལ་འབད་མི་འབད་ཚུ་ག་ར་ བལྟ་དོ་ཡོདཔ་ཨིན་པས།
ཞབས་ཏོག་དེ་ གཙོ་བོ་ར་ ཉེན་སྲུང་དང་ ཕན་ཐོགས་ཅན་ འགྲུལ་མི་ཚུ་ལུ་ ཞབས་ཏོག་ཚུ་དུས་ཚོད་ཁར་ བྱིན་ཚུགས་ཐབས་ དེད་གཡོག་པའི་བྱ་སྤྱོད་ ལྟ་རྟོག་འབད་ནི་དང་ འགྲུལའ་ཁོར་གྱི་གནས་ཐོ་ཚུ་ བཞག་ནིའི་དོན་ལུ་ བཟོ་ཡོདཔ་སྦེ་ཨིན་པས།
མཉེན་ཆས་ Gakyid Ride ཨེབ་ཟེར་མི་དེ་ ཡུ་ཨེན་ཌི་པི་གི་རྒྱབ་སྐྱོར་མ་དངུལ་ཐོག་ལས་ དངུལ་ཀྲམ་༧༠༠,༠༠༠ སྦེ་ མཁོ་སྒྲུབ་འབད་ཡོདཔ་ད་ FMS རིམ་ལུགས་དེ་ འཛམ་གླིང་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༡.༤༣ ཟད་འགྲོ་བཏང་ཐོག་ལས་ འབྲུག་སྔོ་ལྗང་སྐྱེལ་འདྲེན་ལས་འགུལ་གྱིས་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།